༈ རི་ཀོན་ཆོས་འཁོར་དགོན་གྱི་ལོ་ལྔ་བཅུ།

ཕྱི་ལོ་ ༡༩༦༡ ནང་སུད་སིར་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་འབྱོར་བ་རེད། དེའི་ཁོངས་ནས་མང་པོ་ཞིག་ཛུ་རིག་མངའ་སྡེའི་ས་ཁུལ་ཐོསེ་ཐལ་ཞེས་པར་གཞིས་ཆགས། རི་ཀོན་དུ་བཟོ་གྲྭའི་བདག་པོ་ཁུན་ཁྱིམ་ཚང་ནས་བོད་པ་ཚོར་ཆོས་ཀྱི་བསྟི་གནས་ཤིག་དགོས་མཁོ་མཐོང་ནས་༸གོང་ས་༸སྐྱབས་མགོན་སྐུ་འཕྲེང་བཅུ་བཞི་པ་ཆེན་པོར་དགོངས་བསྐོར་ཞུས་པའི་ལམ་སྟོན་ལྟར་གྲོང་གསེབ་དེའི་ནང་བོད་ཀྱི་དགོན་པ་འདི་བཞེངས། 

བསྒྲུབ་བྱ་གཙོ་བོ།

ཕྱི་ལོ་ ༡༩༦༨ ཟླ་ ༩ ཚེས་ ༢༨ ཉིན་དགོན་པ་དབུ་འབྱེད་ཀྱིས་༸གོང་ས་ཆེན་པོས་བསྐོ་བཞག་གནང་བའི་མཁན་པོ་དང་དགེ་འདུན་པ་བཅུ་གྲངས་ཀྱིས་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་རྣམས་ལ་ཆོས་ཕྱོགས་ཀྱི་མཐུན་འགྱུར་ཆེད། འདས་གྲོངས་བྱུང་སྐབས་བསྔོ་སྨོན་དང་རྐྱེན་ངན་བར་ཆད་བཟློག་སེལ་ཞབས་རིམ་སྨིན་སྒྲུབ་དང་། དེ་བཞིན་ཤེས་ཡོན་ཆེད་ལས་པར་བོད་ཀྱི་ཆོས་རིག་གསལ་བཤད་རོགས་སྐྱོར། ཕྱི་ནང་གི་གཞོན་སྐྱེས་ཚོར་ནང་ཆོས་ངོ་སྤྲོད། ཚེས་བཟང་དུས་བཟང་ལ་མི་མང་མཉམ་འཛོམས་ཐོག་མཆོད་འབུལ་སོགས་གནང་རྒྱུ་རེད།

དོ་སྣང་ཅན་ལ་ཤེས་ཡོན་ལས་རིམ།

བོད་ཀྱི་ཆོས་དང་རིག་གཞུང་སྐོར་དགེ་འདུན་པ་དང་དགོན་པའི་ལས་བྱེད་རྣམས་ནས་ལོ་རེར་གསུང་བཤད་དང་བགྲོ་གླེང་བརྒྱ་སྐོར་གནང་སྐབས་ཕྱི་ནང་མི་མང་ཉིས་སྟོང་བརྒལ་བ་བཅར་གྱི་ཡོད། ཛུ་རིག་མངའ་སྡེའི་གཞུང་སློབ་ཁག་ནང་ཆོས་ལུགས་རིས་མེད་ཀྱི་སློབ་ཚན་ཡོད་སྟབས་ལོ་རེར་འཛིན་གྲྭ་ཉི་ཤུ་ནས་སུམ་ཅུ་བར་གྱི་དགེ་སློབ་དགོན་པར་བཅར་ནས་བོད་ཀྱི་ནང་ཆོས་སྐོར་ལ་རྒྱུས་མངའ་གོ་རྟོགས་བྱེད་ཀྱི་ཡོད།

བོད་ཀྱི་རིག་གཞུང་འཛིན་སྤེལ་གྱི་དཔེ་མཛོད་ཁང་།

དགོན་པར་ཚན་རིག་དང་མཐུན་པའི་དཔེ་མཛོད་ཞིག་བསྐྲུན་ནས་བོད་ཀྱི་ནང་ཆོས་རིག་གནས་དང་རྒྱལ་རབས་བཅས་ཀྱི་དཔེ་དེབ་དང་། དེང་སྐབས་དཀར་ཆག་སྟོང་ཕྲག་བཅུ་གཉིས་ཙམ་དང་གནས་ཚུལ་མང་པོའི་ཐོག་སྒྲ་འཛིན་དང་བརྙན་འཕྲིན། འདྲ་པར་བཅས་ཡོད། དེ་བཞིན་སུད་སིའི་ནང་བོད་མིའི་གཞིས་ཆགས་དང་བོད་པ་ཚོའི་མཉམ་རུབ་འདུས་སྡེའི་ལོ་རྒྱུས་ཡོད། བོད་ཀྱི་རིག་གཞུང་དེ་ཚན་རིག་པའི་ཉམས་ཞིབ་དང་པར་སྐྲུན་བརྒྱུད་མ་འོངས་མི་རབས་ཚོར་འཛིན་སྤེལ་བྱ་རྒྱུ། ཛུ་རིག་ཤེས་ཡོན་དཔེ་མཛོད་དྲྭ་སྣེ་བརྒྱུད་དོ་སྣང་ཅན་གྱིས་དགོན་པའི་དྲྭ་རྒྱའི་ནང་འཛུལ་ཞུགས་ཆོག་པའི་མཐུན་རྐྱེན་ཡོད།

ཚན་རིག་དང་དྷརྨའི་ལས་གཞི།

༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་འཆར་ལྟར་དགོན་པས་ལོ་མང་ནས་འདི་ག་དང་རྒྱ་གར་ནང་ཡོད་བོད་ཀྱི་གྲྭ་བཙུན་རྣམས་ལ་སུད་སིའི་ཚན་རིག་པ་དང་བོད་པའི་སྐད་སྒྱུར་བརྒྱུད་ནུབ་ཕྱོགས་ཚན་རིག་པའི་བརྟག་དཔྱད་དང་གྲུབ་འབྲས་སྐོར་སློབ་སྟོན་བྱེད་བཞིན་ཡོད། ལས་གཞིའི་དེས་ནུབ་ཕྱོགས་ཚན་རིག་དང་ནང་པའི་གྲུབ་མཐའ་འབྲེལ་ཐག་ཉེ་རུ་གཏོང་ཐབས་མཚོན་པ་ནི་བོད་ཀྱི་ནང་ཆོས་ཀྱིས་ལྟ་སྤྱོད་གཞན་མཉམ་གོ་བསྡུར་བགྲོ་གླེང་གལ་ཆེར་བརྩིས་ཏེ་ཡར་རྒྱས་ཀྱི་མཐུན་རྐྱེན་སྦྱོར་རྒྱུར་དམིགས་པ་རེད། དེ་བཞིན་ནང་པའི་ལྟ་སྤྱོད་སྐོར་བགྲོ་གླེང་དེས་ནུབ་ཕྱོགས་པར་ཁེ་ཕན་ཧ་ཅང་ཆེན་པོ་ཡོད།

ཁྲིམས་ཀྱི་གནས་བབ་དང་དཔལ་འབྱོར་རམ་འདེགས།

སུད་སི་དབུས་གཞུང་གི་ཁྲིམས་ལྟར་རི་ཀོན་ཆོས་འཁོར་དགོན་དེ་ཁེ་མེད་དགེ་རྩའི་ཚོགས་པ་ཞིག་ཡིན། ཚོགས་པ་དང་མི་སྒེར། ཐེབས་རྩ་སོགས་ནས་དཔལ་འབྱོར་གྱི་རྒྱབ་སྐྱོར་ཐོབ་ཀྱི་ཡོད་ལ་བོད་མི་ཚོའི་ཞལ་འདེབས་ཀྱིས་དགོན་པའི་ལོ་རེའི་རྒྱུན་གྲོན་དངུལ་རྩིས་བརྒྱ་ཆ་བཅུ་ཙམ་ལ་ཕན་གྱི་ཡོད།