༈ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་སྙིང་བསྡུས།

བོད་ནང་།

བོད་གངས་ཅན་གྱི་ལྷ་སྐལ་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་མིའི་རྣམ་རོལ་དུ་བྱོན་པ་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ཤིང་ཕག་ཟླ་ ༥ ཚེས་ ༥ ཕྱི་ལོ་ ༡༩༣༥ ཟླ་ ༧ ཚེས་ ༦ ཉིན་བོད་ཀྱི་བྱང་ཤར་ས་ཁུལ་གྲོང་གསེབ་ལྟག་མཚེར་དུ་སོ་ནམ་པའི་དུད་ཚང་ཞིག་ནང་སྐུ་བལྟམས་ཤིང་ཡབ་ཡུམ་གཉིས་ཀྱིས་མཚན་ལ་ལྷ་མོ་དོན་གྲུབ་ཅེས་གསོལ། ལྷ་བླའི་བཀའ་ལུང་དང་ མཚན་ལྟས་བཟང་པོ་ལ་བརྟེན་ནས་དགུང་ལོ་གཉིས་པར་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་གསུམ་པའི་ཡང་སྲིད་དུ་ངོས་འཛིན་ཞུས་ནས་ནང་མི་ལྷན་རྒྱས་ལྷ་ལྡན་རྒྱལ་སར་གདན་དྲངས། དགུང་ལོ་བཞི་དང་ཕྱེད་ཐོག་ ༡༩༤༠ ཟླ་ ༢ ཚེས་ ༢༢ ཉིན་གསེར་ཁྲིར་མངའ་གསོལ་ཞིང་མཚན་ལ་བསྟན་འཛིན་རྒྱ་མཚོ་ཞེས་གསོལ། དགུང་ལོ་དྲུག་པར་བོད་ཡིག་བྲིས་ཀློག་དང་རིག་པའི་གནས་བཅུ་དང་ལྷག་པར་དུ་ནང་པའི་ལྟ་གྲུབ་ལ་གསན་སྦྱོང་དབུ་འཛུགས་གནང་།

༡༩༥༠ ལོར་རྒྱ་དམར་དཔུང་དམག་གིས་བོད་དུ་བཙན་འཛུལ་བྱས་ཤིང་བོད་ཀྱི་གནས་སྟངས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར། དགུང་ན་ཤིན་ཏུ་ཕྲ་ཡང་བོད་གཞུང་བཀའ་ཤག་དང་རྒྱལ་ཡོངས་ཚོགས་འདུ་ནས་གསོལ་འདེབས་ཞུས་པ་བཞིན་ ༡༩༥༠ ཟླ་ ༡༡ ཚེས་ ༢༢ ཉིན་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་དགོས་བྱུང་། ༡༩༥༤ ལོར་ རྒྱ་ནག་ཏུ་ཆིབས་སྒྱུར་བསྐྱངས་ཏེ་རྒྱ་ནག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་ཀྲུའུ་ཨེ་ལན། ཏིང་ཞའོ་ཕིང་སོགས་མཉམ་བོད་ཀྱི་མ་འོངས་གནས་སྟངས་སྐོར་བཀའ་བསྡུར་མཛད། ༡༩༥༦ ལོར་སྟོན་པ་སངས་རྒྱས་སྐུ་མྱ་ངན་ལས་འདས་ནས་ལོ་ ༢༥༠༠ འཁོར་བའི་དུས་དྲན་ལ་གདན་ཞུས་ལྟར་རྒྱ་གར་དུ་ཕེབས། དེའི་སྐབས་རྒྱ་གར་ནང་གནས་སྐབས་བཞུགས་གདན་འཇགས་དགོས་སྙན་གསོལ་ཞུས་པར་གསན་བཞེས་མ་གནང་བར་བོད་ལ་ཕྱིར་ཕེབས་ནས་བོད་ནང་ཞི་འཇམ་ཡོང་ཐབས་རྒྱ་དམར་དབང་འཛིན་པར་བཀའ་བསྡུར་རིམ་པ་མཛད།

རྒྱ་གར་དུ་བཙན་བྱོལ།

༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་མང་ནས་རང་དབང་སྒེར་ལངས་བྱས་པར་རྒྱ་དམག་གིས་དྲག་གནོན་ཚབས་ཆེ་བྱས་རྐྱེན་བོད་མི་དགུ་ཁྲི་ཙམ་རྐྱེན་འདས་སུ་གྱུར་ཞིང་རྒྱ་དམར་གྱི་གདུག་རྩུབ་ཆེ་བས་བོད་ནང་གནས་སྟངས་ཞི་འཇམ་ཡོང་རེ་བྲལ། ༸གོང་ས་མཆོག་དང་གང་གི་ཕེབས་རྗེས་སུ་བོད་མི་སྟོང་ཕྲག་མང་པོས་ཧི་མ་ལ་ཡའི་རི་རྒྱུད་བགྲོད་དེ་རྒྱ་གར་ནང་བཙན་བྱོལ་ཕེབས་དགོས་བྱུང་། བོད་མི་ཚོས་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་མི་མང་རང་ དབང་སྒེར་ལངས་དུས་དྲན་སྲུང་བརྩི་ཞུ་བཞིན་ཡོད།

༡༩༦༠ ལོ་ནས་བཟུང་༸གོང་ས་མཆོག་གི་བཞུགས་སྒར་རྡ་རམ་ས་ལ་ཡིན་པ་མ་ཟད། ས་གནས་དེར་བཙན་བྱོལ་བོད་གཞུང་ཡང་ཆགས་ཡོད། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་སུ་བོད་དོན་སྙན་སེང་ཞུས་འབྲས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ནས་ཕྱི་ལོ་ ༡༩༥༩ དང་ ༡༩༦༡ དང་ ༡༩༦༥ སོ་སོར་རྒྱ་དམར་གཞུང་གིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་དང་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲོད་དགོས་སྐོར་གྱི་གྲོས་ཆོད་གསུམ་བཞག་ཐུབ་ཡོད། ༡༩༧༢ ལོར་རྒྱ་ནག་དམར་གཞུང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་ཚོགས་ཀྱི་སྲུང་སྐྱོབ་ལྷན་ཁང་གི་ཚོགས་མིར་འཚུད་ཅིང་རྒྱ་མིས་ཆོད་སློག་གམ་དགག་བྱའི་དབང་ཆ་བེད་སྤྱོད་ཀྱིས་རྒྱལ་ཚོགས་ནང་བོད་དོན་བགྲོ་གླེང་བཀག་འགོག་བྱེད་ཀྱི་ཡོད། ༸གོང་ས་མཆོག་གིས་བོད་མི་རིགས་དང་རིག་གཞུང་འཚོ་གནས་ཡོང་ཆེད་བཟོ་གཞིས་དང་སློབ་གྲྭ། མཐོ་སློབ། དགོན་སྡེ་ཁག་འཛུགས་སྐྲུན་མཛད་ནས་རྒྱ་གར་ནང་དགོན་པ་ཉིས་བརྒྱ་ལྷག་སླར་གསོ་བྱུང་ཡོད།

མང་གཙོའི་རྩ་ཁྲིམས།

མགོན་པོ་གང་གི་དགོངས་བཞེད་བོད་མིའི་སྤྱི་ཚོགས་མང་གཙོ་ཡང་དག་ཅིག་ཡོང་སླད་ ༡༩༦༣ ལོར་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཁྱབ་བསྒྲགས་མཛད་པ་མ་ཟད། དེའི་ནང་༸རྒྱལ་བའི་སྐུ་དབང་ཕྱིར་བསྡུའི་དོན་ཚན་ཡང་བཀོད་ཡོད། བོད་མི་རྣམས་མང་གཙོའི་ལམ་ལུགས་ལ་གོམས་འདྲིས་སུ་འཁྲིད་གནང་མཛད་ཅིང་བོད་ཀྱི་རྩ་དོན་འཚེ་མེད་ཞི་བའི་ལམ་ནས་སྒྲུབ་ཐབས་ཀྱི་སྲིད་བྱུས་གཏན་ལ་ཕབ།

ཞི་བདེའི་དགོངས་བཞེད།

༡༩༨༧ ལོར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་བོད་ཀྱི་མ་འོངས་གནས་སྟངས་སྐོར་ཞི་བའི་དོན་ཚན་ལྔ་གསལ་བསྒྲགས་བསྐྱངས། དེའི་ནང་བོད་དེ་ཞི་བའི་བསྟི་གནས་བཟོ་རྒྱུ་དང་བོད་ནང་རྒྱ་མི་ཕོན་ཆེའི་གནས་སྤོ་མཚམས་འཇོག འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ། བོད་ནང་རྡུལ་ཕྲན་མཚོན་ཆ་དང་རྡུལ་ཕྲན་སྙིགས་རོ་སྤུང་གསོག་མི་ཆོག་པ། བོད་དོན་དཀའ་སེལ་ཆེད་དོན་ཕན་ལྡན་པའི་གྲོས་བསྡུར་བྱ་དགོས་གསལ། ༡༩༨༨ ལོར་སེཊསེ་སྦག་གི་གྲོས་དོན་ནང་བོད་དེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་བཏོན་གནང་མཛད།

འཚེ་བ་མེད་པ།

༸གོང་ས་མཆོག་གི་ཞི་བདེའི་དགོངས་གཞི་སེམས་ཅན་ཡོངས་ལ་གུས་བརྩི་དང་འགྲོ་བ་ཀུན་ལ་འགན་ཁུར། ཁོར་ཡུག་སྲུང་སྐྱོབ་བཅས་ལ་ཡིད་སྨོན་གུས་བརྩི་ཞུ་ཕྱིར་ ༡༩༨༩ ལོར་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་༸གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ། རྒྱལ་ཁབ་བཅུ་ཕྲག་ལྔ་ལྷག་ནང་གདན་ཞུ་ཞབས་བཅགས་ཀྱིས་ཆབ་སྲིད་པ་དང་ཤེས་ཡོན་པ། ཆོས་པ། ཚན་རིག་པ་སོགས་མི་མང་སྟོང་ཚོ་མང་པོ་མཉམ་སྐུ་ངལ་འཛེམས་མེད་ཐོག་གསུང་གླེང་གིས་ཕན་ཚུན་མཛའ་བརྩེ་འཆམ་མཐུན་དང་གུས་བརྩི་བརྒྱུད་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཀྱི་བཀའ་སློབ་གནང་མུས་ཡིན།

སྲིད་དབང་ཅམ་བཞག

༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་གསུང་འཕྲིན་བསྩལ་ཏེ་མགོན་པོ་གང་ཉིད་ནས་བོད་གཞུང་གི་ཆབ་སྲིད་འགན་དབང་ལས་བགྲེས་ཡོལ་ཕེབས་བཞེད་དང་ཆབ་སྲིད་དང་འཛིན་སྐྱོང་སྐུ་དབང་ཆ་ཚང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་རྒྱུ། དེ་དང་ཆབས་ཅིག་རྒྱལ་རབས་ལོ་རྒྱུས་ཐོག་ནས་ཏཱ་ལའི་བླ་མར་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོད་པ་མཚམས་འཇོག་གནང་རྒྱུ། ༸རྒྱལ་བ་སྐུ་འཕྲེང་དང་པོ་བཞི་ལྟར་ཆོས་ཕྱོགས་ཀྱི་མཛད་པ་དགའ་ལྡན་ཕོ་བྲང་བརྒྱུད་ནས་སྐྱོང་བཞེད་ཀྱི་བཀའ་ཕེབས། ༢༠༡༡ ཟླ་ ༣ ཚེས་ ༢༩ ཉིན་༸གོང་ས་ཆེན་པོ་མཆོག་གིས་བོད་མིའི་བཅའ་ཁྲིམས་ལ་མཚན་རྟགས་བཀོད་རྗེས་མི་ལོ་ ༣༦༨ ཅན་གྱི་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆབ་སྲིད་ལམ་ལུགས་དེ་མཇུག་བསྡོམས་མཛད།