༈ ༸གོང་ས་མཆོག་གི་ཐུགས་ཁུར་གཙོ་བོ།

༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་གང་ཉིད་ནང་པའི་གྲྭ་པ་སྙོམས་ཆུང་ཞིག་ཡིན་ཞེས་གསུངས་ཀྱང་ཁོང་ནི་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཡིན་པ་མ་ཟད། འཛམ་གླིང་ཞི་བདེའི་དེད་དཔོན་ཡིན། འཛམ་གླིང་ས་ཕྱོགས་གང་སར་ཆིབས་སྒྱུར་སྐབས་འགྲོ་བ་མིའི་གཞི་རྩའི་རིན་ཐང་བྱམས་སྙིང་རྗེ་དང་ཕན་ཚུན་གུས་བརྩི། བཟོད་སྲན། འཚེ་བ་མེད་པའི་སྐོར་བཀའ་སློབ་གསུང་བཤད་གནང་གི་ཡོད།

༡༽ འགྲོ་བ་མིའི་གཞི་རྩའི་རིན་ཐང་།

མགོན་པོ་མཆོག་གིས་ཆོས་ལ་ཡིད་ཆེས་ཡོད་མིན་ལ་མ་ལྟོས་པར་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་གང་ཉིད་ནས་མི་ལ་བདེ་སྐྱིད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ནང་སེམས་ཀྱི་རིན་ཐང་བྱམས་བརྩེ་དང་བཟོད་གསོལ། གུས་བརྩི། ཆོག་ཤེས། ཚུལ་ཁྲིམས། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པའི་སྐོར་ངོ་སྤྲོད་བཀའ་སློབ་གནང་ནས་མི་མང་པོའི་སེམས་ནང་བདེ་སྐྱིད་བསྐྲུན་གྱི་ཡོད།

༢༽ ཆོས་ལུགས་མཐུན་འབྲེལ།

མགོན་པོ་གང་ཉིད་ཆོས་པ་ཞིག་གི་ངོས་ནས་ཆོས་ལུགས་ཚང་མར་གུས་བརྩི་དང་ཡི་རང་བསྔགས་བརྗོད་མཛད་ཀྱི་ཡོད། ལྟ་གྲུབ་ཐོག་ནས་ཁྱད་པར་ཆེན་པོ་ཡོད་ཀྱང་ཆོས་ལུགས་ཆེ་ཁག་ཚང་མར་མིའི་སེམས་ནང་བྱམས་བརྩེ་དང་ཞི་བདེ། ཀུན་སྤྱོད་བཟང་པོར་བསྒྱུར་བའི་ཆ་རྐྱེན་ཚང་བ་མ་ཟད། བྱམས་བརྩེ་དང་བཟོད་གསོལ། གུས་བརྩི། ཆོག་ཤེས། ཚུལ་ཁྲིམས་རང་སྲུང་སྐོར་བསླབ་བྱ་གཅིག་མཚུངས་རེད། དེར་བརྟེན་ཆོས་ལུགས་ཕན་ཚུན་དག་སྣང་དང་གུས་བརྩིའི་ཐོག་ནས་སོ་སོའི་ཕྱག་སྲོལ་ཁག་ལ་བརྩི་མཐོང་ངོས་འཛིན་བྱ་གལ་ཆེ། འགྲོ་བ་མི་རྣམས་ནས་རང་གི་ཆོས་སྤྱོད་ཉམས་ལེན་ལྷག་བསམ་རྣམ་དག་གིས་བྱེད་དགོས།

༣༽ བོད་ཀྱི་ནང་པའི་རིག་གཞུང་།

མགོན་པོ་གང་ཉིད་བོད་མི་ཞིག་ཡིན་པ་མ་ཟད། ཏཱ་ལའི་བླ་མའི་མཚན་གནས་ཡོད་སྟབས་བོད་ཀྱི་རིག་གཞུང་འདིས་འཛམ་གླིང་ནང་ཞི་བདེ་དང་འཚེ་བ་མེད་པ་བསྐྲུན་ཐུབ་པའི་ནུས་པ་གསལ་སྟོན་གནང་རྒྱུ། བོད་ཀྱི་ཁོར་ཡུག་གིས་ཨེ་ཤ་ཡའི་ཡུལ་གྲུ་མང་པོར་ཕན་གནོད་འབྲེལ་བ་མ་ཟད། འཛམ་གླིང་གནམ་གཤིས་འགྱུར་ལྡོག་ལའང་འབྲེལ་བ་ཆེན་པོ་ཡོད་སྟབས་དེ་སྲུང་སྐྱོབ་མཛད་རྒྱུ།