༈ ༸གོང་ས་༸སྐྱབས་མགོན་ཆེན་པོ་དང་རི་ཀོན་ཆོས་འཁོར་དགོན།

༸གོང་ས་མཆོག་གི་དགོངས་གཞི་བཞིན་ ༡༩༦༨ ལོར་ཁཱུན་བཟོ་གྲྭའི་བདག་པོ་ཁཱུན་ཁྱིམ་ཚང་གིས་རི་ཀོན་ཆོས་འཁོར་དགོན་གསར་བཞེངས་བྱས། དགོན་པའི་མིང་ལ་ཆོས་འཁོར་དགོན་ཞེས་འདོགས་གནང་མཛད་པ་དང་༸གོང་ས་མཆོག་གིས་དགོན་པའི་དབུ་བླའི་མཚན་བཞེས་ཐོག་མཁན་པོ་རིམ་བྱོན་བསྐོ་བཞག་གནང་གི་ཡོད། དགེ་འདུན་པ་རྣམས་ཀྱིས་སུད་སི་དང་ལེག་ཏེན་སིཊཡན་བོད་རིགས་མི་མང་གི་ཆོས་ཕྱོགས་ཀྱི་དགོས་མཁོ་སྒྲུབ་པ་མ་ཟད། ༸གོང་ས་མཆོག་གི་དགོངས་བཞེད་ལྟར་དགོན་པ་བོད་རིགས་དང་ནུབ་ཕྱོགས་པའི་དབར་ཕན་ཚུན་ཤེས་ཡོན་སྦྱོང་སྤེལ་གྱི་བསྟི་གནས་ཤིག་ཏུ་གྱུར་ཡོད། བོད་པའི་སྲོལ་རྒྱུན་བཞིན་དགོན་པའི་ནང་༸གོང་ས་ཆེན་པོའི་གཟིམ་ཆུང་ཞིག་ཀྱང་ཡོད།

༡༩༦༨ ལོར་དགོན་པའི་དབུ་འབྱེད་མཛད་སྒོར་ཡིག་ཆའི་དཀའ་རྙོག་གིས་༸གོང་ས་མཆོག་ཕེབས་ཁོམ་མ་གྱུར་ཡང་ ༡༩༧༣ ལོར་ཆིབས་སྒྱུར་ཐོག་མ་བསྐྱངས། དེ་དུས་དགོན་པར་སུད་སི་ཡོངས་རྫོགས་དང་ཡོ་རོབ་ས་ཁུལ་གང་ས་ནས་བོད་མི་མང་པོ་འཛོམས་ཤིང་ཕྱི་ནང་དད་ལྡན་མང་པོས་བོད་ཀྱི་ཆོས་སྲིད་དབུ་ཁྲིད་༸གོང་ས་མཆོག་མཇལ་བ་ཐོག་མའང་ཆགས་ཡོད། དེ་ནས་ཕྱི་ལོ་ ༢༠༡༣ བར་༸རྒྱལ་བ་རིན་པོ་ཆེ་ཆོས་འཁོར་དགོན་དུ་ཐེངས་བཅུ་བཞི་ཞབས་སོར་འཁོད། དེའི་ནང་ནས་གཙོ་གནད་ཆེ་བ་ནི་ ༡༩༨༥ ལོར་དཔལ་དུས་ཀྱི་འཁོར་ལོའི་བཀའ་དབང་དང་དུས་འཁོར་མཆོད་རྟེན་རབ་གནས། ༡༩༨༨ ལོར་དགོན་པ་ལོ་ ༢༠ འཁོར་བའི་དུས་དྲན། ༡༩༩༣ ལོར་ དགོན་པ་ལོ་ ༢༥ འཁོར་བའི་དུས་དྲན་དང་དཔེ་མཛོད་དབུ་འབྱེད། ༡༩༩༥ ལོར་༸གོང་ས་ཆེན་པོ་དགུང་གྲངས་དྲུག་ཅུའི་འཁྲུངས་སྐར་མཛད་སྒོ། ༡༩༩༨ ལོར་དགོན་པ་ལོ་ ༣༠ འཁོར་བའི་དུས་དྲན་དང་མཎི་འཁོར་ལོར་རབ་གནས་བྱིན་རླབས་བཅས་མཛད་ཡོད།